དཔྱད་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགདཔྱད་རྩོམ།
གཏེར་མའི་སྐོར་གྱི་དཔྱད་གླེང་བཀའ་ལུང་རིག་པའི་གསང་ཚིག
[རྩོམ་ཁུངས།:བོན་གཤེན་བསྭོ་སྒྲ།]   [ཟླ་ཚེས།:2008-09-26]  [རྩོམ་པ་པོ།:དགེ་བཤེས་བསྟན་འཛིན་དགེ་ལེགས།]  [ཀློག་གྲངས།:]

 

ན་མོ་དམུ་ར་ཝེར་རོ་སྤུངས་སོ་སྨར་ལ་ཧྲུན། 

ལས་ཅན་ངན་པའི་སྤྲིན་གློག་འཁྲུག་པའི་གསེབ། 

གཤེན་བསྟན་ཉི་གཞོན་གཟའ་བདུད་ཁ་ཡིས་དྲངས། 

མགྲིན་པའི་ཨོལ་མདུད་བཀྲལ་ནས་རྒྱལ་བསྟན་སྲོག 

སྐྱོབ་པའི་གུར་དུ་སྲུང་མཛད་བོན་གཤེན་རྒྱལ།  

ཁ་བའི་ལྷུན་དང་རི་བྲག་བང་མཛོད་ཀྱི། 

ཟབ་གཏེར་སྒོ་བརྒྱའི་ལྡེ་མིག་འཛིན་པའི་བདག 

གཤེན་གྱེར་རྨ་དབྱིལ་མཆོག་གི་གཏེར་སྟོན་རྣམས། 

སོར་བཅུ་སྙིང་ཁར་བཟླུམས་ཤིང་གུས་པས་བསྟོད། 

༧ ཅེས་མཆོད་ཚིག་དད་པའི་མེ་ཏོག་སྔོན་དུ་གཏོར་ནས། ཟླུམ་གཟུགས་གོ་ལའི་ཡང་རྩེ། གངས་དབལ་སོ་ར་བའི་ནང་དུ་འཚོ་སྡོད་བྱེད་པའི་སྒང་པ་བོད་ཆེན་པོ་འདི་ལ་ཆ་མཚོན་ན། ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་དུ་གཡུང་དྲུང་བོན་གྱི་ཕར་ཕྱིན་བཅུ་དང་། ལས་འབྲས་བསླབ་པ་རྣམ་གསུམ་སོགས་ཀྱི་ཁྱད་གཞི་དང་ཁྱད་བོན་འབྲེལ་བའི་འཚོ་གནས་རོལ་བཞིན་དུ། ཆེས་རྩ་བའི་ལོ་རྒྱུས་ཐོག་ནས་བསྟན་པ་འདི་ཉིད་འཕེལ་འགྲིབ་དབང་གིས་དེ་ལྟར་གནས་ཚུལ་དང་འགྱུར་ལྡོག་ཆོ་རབས་དལ་འབབ་རྒྱུན་བཞིན་གྱུར་པའི་ནང་ནས། འདི་རུ་གཏེར་བོན་སྐོར་གྱི་དཔྱད་གཏམ་ཞིག་གླེང་བའི་སྟ་གོན་དུ། ཡིད་ཆེས་པའི་ལོ་རྒྱུས་མདོ་ཙམ་འབྲི་བ་ལ། སྤྱིར་ཐོག་མར་སྲིད་པ་ཆགས་ནས་བཟུང་སྟེ་གཏེར་དུ་སྦ་བའི་སྲོལ་ཞིག་ལྷན་དུ་དབུ་བརྙེས་ཡོད་དེ། གང་ཡིན་ཞེ་ན། སྔོན་ཡེ་མཁྱེན་འཕྲུལ་གྱི་རྒྱལ་པོས་མེད་ཁམས་མུན་པ་འགྲིབ་པ་དང་ཡོད་ཁམས་ལེགས་ཚོགས་སྒྲུབ་པའི་ཕྱིར་དུ། ཚངས་རིགས་འཕྲུལ་གྱི་ཞིང་ཁམས་ལ་རིན་ཆེན་གཏེར་ཁ་སྦས་ཏེ་གཏེར་སྲུང་སྲིད་པའི་ཁྲ་གསས་བཞག་ནས་བཟུང་། གཏེར་དེ་ཉིད་སྦ་དགོས་པའི་དགོངས་གཞི་དང་དགོས་པ་དུ་མ་ཡོད་དེ། སྟོང་གསུམ་བདེ་སྐྱིད་ལྡན་པ་དང་། རྣམ་དཀར་དགེ་བཅུ་རྒྱས་ཤིང་མི་དགེ་སྡིག་ཅུ་ཞི་བ། སྡེ་གསུམ་བོན་གྱི་འཁོར་ལོ་བསྐོར་བ་དང་། ས་བདག་འགྲམ་འཁྲུག་བསྡུམ་པ། རྨས་པ་རྣམས་བཅོས་ཤིང་མི་ནོར་འཕེལ་ཁ་བསྐྱེད་པ། ལོ་འབྲི་བཙའ་སད་ཞི་ཞིང་བཀྲ་ཤིས་བདེ་ལེགས་འགྲུབ་པའི་ཆེད་སོགས་ཡོད་པ་གཏེར་དུ་སྦ་བའི་གཞུང་ཚིག་བཀླགས་ན་ལོ་རྒྱུས་ཀྱི་སྒོ་དུ་མ་ཞིག་ཤེས་ནུས་སོ།། དེ་བཞིན་ད་ལྟའི་སྟོན་པ་གཤེན་རབ་མི་བོས་གདུང་ཚོབ་དཔལ་གྱི་རི་བོ་ལ། སྒྲ་བླའི་གོ་མཚོན་གཏེར་དུ་བཞག་སྟེ་གཏེར་སྲུང་བརྟན་མ་བཅུ་གཉིས་བསྐོས་ནས་བཟུང་བོད་ཡུལ་མི་དགེའི་རྒུད་པ་ཞི་བ་དང་། བོན་ནོར་ལོངས་སྤྱོད་ཕུན་ཚོགས་སུ་གྱུར་པའི་ལུང་རིགས་ཀྱང་ཡོད། རིམ་པར་ཞང་ཞུང་སྲིད་པའི་རྒྱལ་པོས་བླ་རི་གངས་དཀར་ཏི་སེ་རུ། གསེར་གཡུ་བུམ་པ་བཅུད་ལྡན་སྦས་པའི་མཐུས། ཞང་ཞུང་བོན་གྱི་བསྟན་པ་དར་བ་དང་། དེ་ནས་གཉའ་ཁྲི་བཙན་པོ་དང་མུ་ཁྲི་སོགས་ཀྱིས་བོད་ཡུལ་རུ་བཞིར་གཏེར་མང་རབ་ཅིག་སྦས་པ་མ་ཟད། མདོར་ན་སྲོང་བཙན་སོགས་ཀྱི་བར་རྒྱལ་འབངས་རྣམས་ཀྱིས་དེ་ལྟར་སྦས་པའི་ཤེས་བྱེད་ཡོད། རྒྱལ་པོ་ཁྲི་བདུན་གྱི་མཐར་བར་གྱི་ལྡིང་གཉིས་ནང་ནས་གྲི་གུམ་བཙན་པོའི་ཡར་སྔོན་དུ་སྦས་པ་རྣམས་རིན་པོ་ཆེ་ཡི་རིགས་རྫས་གཏེར་ཡིན་པ་ལས། བོན་གཏེར་གྱི་བཀའ་བརྟེན་སོགས་སྤྱོད་དབང་མེད་པའི་དབང་གིས་དགོས་པ་ལ་བརྟེན་ནས་སྦས་པ་མེད་པ་འདྲ། འོན་ཀྱང་བཀའ་སོགས་གཏན་ནས་མ་སྦས་ཞེས་ཁ་ཚོན་གཅོད་མི་རིགས་ཏེ། བུམ་གཏེར་སོགས་ཀྱི་ནང་དུ་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་ལྷ་བཅུ་དཔལ་མགོན་རྣམས་ཀྱི་བསྙེན་འཛབ་གཟུངས་སོགས་གཏེར་དུ་སྦ་བའི་གཞུང་ལུགས་འདི་བཞིན་སྲོལ་སྔོན་ནས་ཡོད་པའི་རྒྱུ་མཚན་གྱིས། ད་ལྟར་དབང་ལྡན་དུས་འཁོར་རྒྱུད་ལས། དབང་ཆེན་བུམ་གཏའ་སྦས་རིམ་དང་། རྣམ་རྒྱལ་གྱི་གཏེར་བུམ་འཛུགས་ཐབས། རུས་མཚུན་སྦས་པའི་ཟབ་ཐིག་གསེར་གྱི་རིམ་པ་སོགས་ད་ལྟར་མིག་སྔར་བཀོལ་བཞིན་མཆིས། སྐབས་བབ་དངོས་གཞི་ལ་འཇུག་པའི་བོན་གཏེར་སྦ་དགོས་པའི་རྒྱུ་རྐྱེན་སོགས་གཞན་དུ་ཤེས། འདིར་བོན་གཏེར་སྦ་སའི་ས་གནས་དང་། ལྷོ་བྱང་སོགས་ཀྱི་གཏེར་མའི་ཁྱད་པར། མཐར་བན་བོན་གཉིས་ཀས་གཏེར་མའི་ཐ་སྙད་བཀོལ་ཚུལ་ལོ།། 

དང་པོ་ལ་གཉིས། གྲི་གུམ་སྐབས་ཀྱི་དང་། ཁྲི་སྲོང་དུས་ཀྱིའོ།། དང་པོ་ནི། མཁས་པ་མི་བཞིས་ཐེག་པ་དགུ་ཡི་བོན་ཐམས་ཅད་གཅིག་ཏུ་དྲིལ་ནས་མཚོ་རྔ་བྲག་གུ་དཀར་རི་ལ་སྦས་ཞེས་པ་ལྟར།  མཚོ་རྔ་བྲག་དཀར། ཡར་ལུང་རོམ་པོ་དཔལ་རི། རྩང་ལྷ་ཕུ་དར། ཟང་ཟང་ལྷ་བྲག བྱང་དྭངས་ར། རྒྱུང་སྲུབ་བྲག  བྱང་གསང་བྲག་རྒྱ་བོ་སོགས་ས་རྟགས་ཁྱད་པར་ཅན་ལ་སྦས་ནས་གཏེར་རྣམས་མ་འོངས་པར་དར་བའི་སྨོན་ལམ་རྒྱ་ཆེན་མཛད་པའོ།།

གཉིས་པ། ཁྲི་སྲོང་གི་དུས་ལ་མཐུ་ཆེན་མི་དགུ་དང་དྲན་པ་སོགས་ཀྱིས་བོན་སྡེ་རྣམས་སྡེ་ཚན་སོ་སོར་ཕྱེས་ཏེ། གཏེར་གྱི་རྒྱལ་པོ་གཅིག  བློན་པོ་བཞི།  ཡང་བློན་གཅིག་དང་དྲུག  ཁྱད་པར་གསང་གཏེར་ཆེ་བ་ལྔ།  གཏེར་ཕྲན་སྟོང་དང་བདུན་བརྒྱ་སྦས། རྗེ་ཡི་གཙུག་ལག་ཁང་དང་དེ་བཞིན་རི་བྲག་མཆོད་རྟེན་སོགས་གཏེར་ཁ་ཤིན་ཏུ་མང་བ་སྦས། དུས་སྐབས་དེར་ལྷ་སའི་རི་བཞི་དང་གཙུག་ལག་ཁང་སོགས་ལ་སྦས་པ་མང་གཤིས། སྔོན་གྲི་གུམ་དུས་སྦས་པ་གཉིས་ཀྱི་མི་འདྲ་བའི་གཏེར་ས་དང་། སྦ་མཁན་གྱི་བོན་གཤེན། གཏེར་སྟོན་དང་གཏེར་མ་གཉིས་ཀྱི་ཁྱད་པར་འབྱེད་དགོས་མོད་ཀྱང་། འདིར་འགོད་སའི་ས་མིག་དོག་པས་མ་བྲིས་སོ།། 

གཉིས་པ་ལྷོ་བྱང་སོགས་ཀྱི་ཁྱད་པར་ནི།   ལྷོ་འབྲིག་མཚམས་མཐའ་དཀར་དང་འབྲུག་སྤ་གྲོ་སོགས་ནས་ཐོན་པ་ལ་ལྷོ་གཏེར། བྱང་ཟང་ཟང་ལྷ་བྲག་དང་དྭངས་ར་སོགས་ནས་ཐོན་པ་ལ་བྱང་གཏེར། དབུས་བསམ་ཡས་ཡེར་པའི་བྲག་ནས་ཐོན་པ་ལ་དབུས་གཏེར། ཞེས་མང་ཕལ་ཆེར་གྱིས་མིང་དེ་ལྟར་འདོགས་སྲོལ་བྱུང་ཡང་། མཐའ་གཅིག་ཏུ་མིན་ཏེ། དབུས་བསམ་ཡས་དཀོར་ཁང་ནས་ཐོན་པ་ལ་ཨ་ཙ་ར་མི་གསུམ་གྱིས་དུས་རབས་བཅུ་པའི་༼༩༡༣༽མགོར་བྱང་སྟོད་ལ་ཁྱེར་ནས་དར་བས་བྱང་གཏེར་གྲགས་པ་བཞིན།  གཞན་དུ་ལའང་དེ་ལྟར་ཡོད་བཟོ་འདུག་ཚུལ་བཤད་མཁན་ཡོད་ཀྱང་བརྟག་གཞི་ཆེའོ།། དེའི་སྟེང་དུ་ཁམས་གཏེར་དང་གཏེར་གསར་ཞེས་དེ་ལྔ་ཡི་ཁོངས་སུ་བསྡུ་ཚུལ་འདུག་གོ 

གསུམ་པ་གཏེར་མ་འདི་དག་དུས་ཚོད་སྔ་ཕྱིའི་གོ་རིམ་ལེགས་པར་དཔྱད་ཞིབ་ཡང་དག་ཅིག་བྱས་མཐར། ཞང་བོད་ཀྱི་ལྗོངས་འདིར་དང་པོ་བོན་བསྟན་དར་རྒྱས་སུ་ཕྱིན་ཁར་རྗེས་སུ་རྐྱེན་དབང་གིས་ནུབ་པ་སོགས་ཀྱི་སྐབས་དེར། བསྟན་པ་ཡུན་དུ་གནས་ཆེད་བོན་གཏེར་ཡང་དེ་ལྟར་སྦས་པ་དང་འདོན་པ་སོགས་ཀྱི་སྲོལ་བྱུང་། གཞན་ལྷོ་བལ་གྱི་ཆོས་བོད་ལ་དབུ་བརྙེས་ནས་བཟུང་རྙིང་མ་བ་གཙོས་བན་དྷེའི་རིགས་ལ་གཏེར་མའི་ཐ་སྙད་དེ་བོན་བན་གཉིས་ཀས་བཀོལ་བ་གཅིག་མཚུངས་སུ་གྱུར། ཡིན་ནའང་། ཐ་སྙད་དེ་རིགས་ལ་བོན་གཏེར་དང་དགོངས་གཏེར་རྫས་གཏེར་ས་གཏེར་སོགས་ཀྱི་བཤད་སྒྲོས་དུ་མ་ཡོད། གཏེར་དུ་སྦ་བ་དང་གཏེར་མའི་རིགས་ནི་ལྗོངས་འདིར་མ་ཚད་པའི་དར་སྔ་བ་དང་ཁུངས་བཙུན་པའི་ལོ་རྒྱུས་ནི་གཡུང་དྲུང་བོན་ལུགས་སུ་གོང་ཞུས་ལྟར་འཐད་པར་སེམས། གཞན་ཆོས་ཕྱོགས་ཀྱིས་བཤད་པ་ལྟར་ན། རྙིང་མ་བ་ལས་ས་དགེ་བཀའ་འབྲུག་སོགས་ལ་གཏེར་མའི་རིགས་ཡོད་པར་འདོད་མཁན་དཀོན། འོན་ཀྱང་བཀའ་རྒྱུད་པ་ལ་གཏེར་མ་དང་གཏེར་སྟོན་སོགས་མཐའ་མ་བཀག་ཙམ་ཡོད་པར་སེམས། རྙིང་མས་འདོད་སྲོལ་ལ། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་གསུམ་དུ་ཕྱེས་པའི་ནང་ནས་ཉེ་བརྒྱུད་གཏེར་མ་ཞེས་པ་དེ་ལ་གོ  རྙིང་མའི་གཏེར་སྟོན་ཐོག་མ་ནི་དུས་རབས་བཅུ་པའི་སྐབས་མངའ་རིས་མཚོ་བར་དུ་སྐུ་འཁྲུངས་པའི་གཏེར་སྟོན་སངས་རྒྱས་བླ་མ་ཞེས་པ་དེ་ཉིད་ཡིན་པ་རེད། འོན་ཀྱང་བོན་རང་ལུགས་ཀྱིས་བཤད་སྲོལ་ལྟར་ན། བསྟན་འབྱུང་ཉུང་བསྡུས་ལས། བོན་སྡེ་མང་ཆེ་བ་ཞིག་ཚིག་གི་ཆ་ནས་བཅོས་ཏེ་ཆོས་ལ་བསྒྱུར་བ་དེ་དེང་སང་གཏེར་ཆོས་ཀྱི་ཕྱོགས་སུ་སྤྱོད་མུས་ལ། དེ་དུས་ཆོས་ལ་སྤྱོད་སྤེལ་བྱེད་པའི་གཙོ་བོ་ནི་མཁན་ཆེན་བྷོ་ཏི་སྭ་ཏཱའམ་ཞི་བ་འཚོ་དང་། སློབ་དཔོན་པད་མ་འབྱུང་གནས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་གསུམ་མོ།། ཞེས་དང་། ཨོ་རྒྱན་རང་གིས། ང་ནི་སྔོན་ཚེ་གཤེན་གྱི་བཀའ་འཁོར་དུ། །འགྲོ་བ་འདུལ་བའི་བོན་ལུང་མན་ངག་རྣམས། །ད་ལྟ་ཆོས་སུ་བསྒྱུར་བ་མ་གཏོགས་པ། །དོན་དམ་ངོ་བོ་ཆོས་འགོ་བོན་ལ་ཐུག །ཅེས་པ་ལྟར་མང་པོ་གསུངས་ཡོད། ཡང་རྙིང་མའི་གཏེར་སྟོན་གྱི་ལོ་རྒྱུས་ནང་དུ། བོན་གྱི་བླ་མ་བཞོད་སྟོན་དངོས་གྲུབ་དང་། འགུ་རུ་རྣོན་རྩེ། དཔོན་གསས་ཁྱུང་རྒོད་རྩལ། ད་དུང་བོན་གྱི་གདུང་རྒྱུད་པ་དང་། མདོ་སྔགས་སེམས་གསུམ་རིག་གནས་བཅས་བྱན་ཆུབ་པའི་བོན་གྱི་སྐྱེས་ཆེན་དུ་མ་ཞིག་འདུག་རུང་ཐམས་ཅད་འདིར་འགོད་པའི་ངལ་བ་མ་བྱས་སོ།།  མ་ཚད་པ་དེར་བོན་གཤེན་དྲན་པ་ནམ་མཁའ་ཡོད་པས་འདི་ལྟར་བཤད་ཡོད། དྲན་པ་ནམ་མཁའ་ནི། ཐོག་མར་བོན་གཤེན་ཆེན་པོ་ཡིན་ཡང་། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདི་ཡིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བས་སློབ་དཔོན་གྱིས་གཏེར་དུ་སྦས་པ་ཕྱིན་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་སུ་འབྱུང་བ་མཐོང་ལ། ཞེས་པ་དང་། དྲན་པའི་བོན་དཔེ་གལ་མདོའི་མཇུག་བྱང་དུ་འདི་ལྟར་གསུངས། ཀྱེ།  བླ་ན་བཞུགས་པའི་རྒྱལ་པོ་གླེན་པ་གསོན། །བར་དུ་བཞུགས་པའི་བན་བཙུན་ཞེ་ངན་གསོན།  ཞེས་དང་། གཤེན་རབ་བླ་བོན་དྲན་པ་ནམ་མཁའ་བདག །དང་པོ་ལོ་ཙཱའི་ཚིག་སྦྱངས་ཐོས་པ་མང་པོ་སྦྱངས། །སྒྲ་ཚད་མི་མཐུན་དྲུག་ཅུ་རྩ་བདུན་ཤེས། །སོགས་ནས་མང་པོར་གསུངས། འདི་ལ་རྫུ་འཕྲུལ་ཡོད་པ་ཙམ་གྱིས་མ་ཚད་པར་སྒྲ་དང་ཚད་མ་ལ་ཕུལ་དུ་ཕྱིན་པ་ཡིན་པས།  པད་མས་ཚིག་གི་ཆོས་སུ་བསྒྱུར་ཞིང་དོན་དམ་གཡུང་དྲུང་ཀློང་དུ་མི་འདའ་བའི་ཕྱག་རོགས་ཕུལ་དུ་བྱུང་བ་ཞིག་ཡིན་པ། ལུང་འདི་དག་གི་དོན་སྤྱི་ཁོ་བོའི་བློ་ལ་ཡང་ཡང་འདྲིས་མཐར་ཆོས་པའི་གཏེར་མ་དུས་རབས་བཅུ་པའི་མཇུག་གི་སྔོན་དུ་ཡོད་པ་དང་། གཞན་རྒྱ་གར་དུ་ཡོད་པ་སོགས་ད་དུང་བརྟགས་གཞི་ཆེ་བར་སྙམ།  འོན་ཀྱང་ཐུབ་བཀན་ཆོས་ཀྱི་ཉི་མས། གཏེར་སྟོན་རྒྱ་གར་དུ་བྱུང་ཞིང་ཞེས་པ་ལྟར་ཅི་ལ་མིན་ཞེ་ན། དེ་ཙམ་ལ་ཡིད་གཏད་མ་བྱུང་། དཔེར་ན་རང་གི་སྣ་བཅད་དེ་རྣ་ཅོག་གི་རྒྱན་གཟབ་པ་ལྟར་ཆོས་ཕུགས་བོན་ཡིན་བཞིན་དུ།  བོན་འདི་མུ་སྟེགས་པ་དང་། འབྱུང་ཁུངས་མི་བཙུན་པའི་འཆལ་གཏམ་བོན་གྱི་སྔ་རོལ་དུ་བོད་འདིར་དམ་ཆོས་དབུ་བརྙེས་པའི་ལོ་རྒྱུས་ཡར་འདེད་བྱེད་པ་མང་བ་དང་། མ་ཚད་ཆོས་ཕྱོགས་རྙིང་མ་བའི་བཞེད་ཚུལ་ལྟར། ཆོས་མང་པོ་ཞིག་དུས་རབས་བརྒྱད་པའི་ནང་དུ་གཏེར་ལ་སྦས་ནས། ཟབ་ཆོས་ཁྱད་པར་ཅན་རྣམས་བསྟན་པའི་དུས་ལ་མ་བབས་པས། ཕྱིས་རིག་འཛིན་རྣམ་སྤྲུལ་སོགས་འབྱོན་ནས་གཏེར་དུ་བཞེས་པར་གསུངས་བཞིན། གཏེར་སྟོན་ཐོག་མ་དུས་རབས་བཅུ་པའི་མཇུག་དང་། གཞན་བདུད་འཇོམས་དང་སྤྲུལ་སྐུ་དོན་གྲུབ་གཉིས་ཀྱིས་དུས་རབས་བཅུ་གཅིག་པར་བཤད་པ་སོགས་ཀྱི་སྔོན་དུ་གཏེར་སྟོན་དང་གཏེར་མ་སོགས་ཡོད་པར་འདོད་ན་ལུང་རིག་གིས་གནོད་པ་ཡོད་པར་སེམས། བོན་ལ་གང་ཡོད་པ་དེ་རང་ལ་ཡོད་པ་དང་དེའི་སྔོན་ནས་རང་གི་གྲུབ་མཐའ་ལ་གྲ་རྒྱས་པའི་བསྙོན་འདིང་བ་སོགས་མང་པོར་བཤད་ཡོད། དཔེར་ན། ཨི་ཡོད་ཅེ་ན་ཡོད། ཁྱེར་ཤོག་ཟེར་ན་འཇོག་རྒྱུ་མེད་པའི་དཔེ་ལྟར་འགྲོ་བར་སྙམ། སྤྱིར་ཆོས་ལ་གཏེར་འབྱུང་དུ་ཡོད་དེ། བདེ་མཆོག་ཉུང་ངུའི་རྒྱུད་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་རྣམས། །ལག་ན་རྡོ་རྗེ་ཁྱེད་ཉིད་ཀྱིས། །གཏེར་རྣམས་གཏེར་དུ་ཕྱུང་ལ་སྩོལ། །ཅེས་པ་བཞིན་ནོ།། སྤྱིར་ང་ཚོས་རིག་གནས་དང་ལོ་རྒྱུས་གང་འདྲ་ཞིག་ཡིན་རུང་། ཚད་ལྡན་མཁས་པ་དང་དཔྱད་གསུམ་དག་པའི་གཞུང་གིས་རྒྱབ་སྐྱོར་དགོས་མོད་ཀྱང་། ཁ་ཅིག་དེ་ལས་ལྡོག་སྟེ། རང་གི་ཆོས་ལུགས་དང་རིགས་མཐུན་སོགས་ལ་ང་རྒྱལ་གྱིས་བསྟོད་པ་ཚད་ལས་འདས། གཞན་ཕྱོགས་ལ་ཟུར་ཟ་དམའ་འབེབ་འཁྱོག་བཤད་སོགས་འུད་སྒྲོགས་ཀྱིས་ཚེ་ཡི་འཕེན་པ་རྫོགས། དཔེར་ན་ཤཱག་ཐུབ་ཀྱི་ཞབས་རྗེས་དང་ཐོན་མིའི་སྨྱུག་རྗེས་སོགས་ལ་ཡིད་གཏད་ཅི་ཡང་མི་འབྱུང་བའི་བྱིས་པའི་ལབ་བརྡོལ་དུ་བསྒྱུར། དངོས་ཡོད་ལོ་རྒྱུས་ཡིན་མདོག་ཏུ་སྒྲོ་བཏགས་ཏེ་གཡུང་དྲུང་བོན་ལ་བརྡོལ་འཁྱར་བསྒྱུར་གསུམ་གྱིས་ཟུར་ཟས་བཀང་བར་སྣང་། དེ་མ་ཚད་པའི་བོད་ཀྱི་རྒྱལ་བརྒྱུད་རུ་སྡེ་འཁྲི་སའི་རྟེན་ཕུར་ཕུད་ནས་བོད་མི་རིགས་སོག་ཕུང་ཆུན་ཐག་བཅད་པ་བཞིན་སིལ་བུར་གཏོར། ད་ལྟ་བློ་རྣལ་དུ་དབབ་ནས་ཕྱི་མིག་ཅིག་བྱས་དུས་མི་རིགས་འདི་ཡི་ལོ་རྒྱུས་སོགས་ཀྱི་མགོ་བོ་བཅད་ནས་མཇུག་མ་སྐྱོང་ཁུལ་གྱིས། མེས་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བློ་ལ་མ་ཤོང་དུས་ལོག་ལྟ་སྐྱེས་ཏེ་རང་རང་བློ་བྱས་ཀྱི་ལྟ་བ་རེ་བཙལ་འདུག་པས་ད་ནི་མི་ཚེ་ཆོས་ལ་སྤྱད་ཀྱང་བྱ་ལོང་རྒྱ་ནོག་པའི་དཔེ་ལྟར་སོང་བས། བོད་མི་རེ་འགའ་མི་སྨྲ་བའི་རྡུལ་ཤུགས་འཆང་ཞིང་ངལ་གསོ་ཅུང་ཞིག་གི་མཐར་ལས་དབང་གི་ལམ་མཁན་ཞིག་གིས་བདེན་པའི་གཞུང་ལམ་ལ་བསྐྱལ་དུ་ཉེ་བས་མི་འགྲོ་ཀ་མེད་དུ་འགྱུར་རོ།།

 

ལུང་རིག་ཟུང་འབྲེལ་བློ་ཡི་འཁྱེར་སོ་འདིར། 

བསམ་གཞིགས་མེད་པའི་ཕག་གི་སྣ་སྒྲ་དང་། 

ང་རྒྱལ་སྟག་རྒོད་གླལ་བའི་སྒྲ་བསྒྲགས་པར། 

ཁོ་བོས་མཐོང་ཡང་རྣ་དབང་གཏད་པ་མིན། 

 

སྒྲིབ་གཉིས་དབར་ནས་རིག་པས་དཔྱད་ཁུལ་གྱིས། 

ལུགས་གཉིས་འགལ་མེད་སྨྲ་བ་ག་ལ་ནུས། 

མཐའ་གཉིས་གཟུར་གནས་ལམ་ཁར་འགྲིམས་པའི་བུས། 

 བསྟན་གཉིས་གང་གིས་ཤན་འབྱེད་ཡོད་ན་ཐང་།

༼བོན་གཤེན་བསྭོ་སྒྲ་ལས་དྲངས།༽

 


 

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།