PDF གློག་རྡུལ་འཕྲུལ་ཆས། གངས་ཏི་སེའི་རིག་མཛོད། ཤར་རྫའི་གསུང་འབུམ།

པོད་བཅུ་བདུན་པ།  བསང་བསྡུས་འདོད་རྒུའི་སྤྲིན་ཆེན་སོགས་ལེའུ་ཕྲན་གྱི་སྐོར།
བསང་བསྡུས་འདོད་རྒུའི་སྤྲིན་ཆེན།  མ་རྒྱུད་རྒྱལ་བ་རྒྱ་མཚོའི་གཉན་ས་ལམ་ཁྱེར་ཀྱི་གདམས་པ།  གསང་ཆེན་རོལ་པ་ཟང་ཐལ་གྱི་ལུས་སྦྱིན།   མཁའ་འགྲོའི་གད་རྒྱང།  སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་རིགས་དྲུག་སོ་སོའི་འདྲེན་ཆོག   འདོད་ཡོན་གཏད་པ།  ཁྱུང་སྒྲུབ་དྲེགས་པ་ཀུན་འཇོམས།   ཆར་འབེབ་ཀུན་གསོ་བརླན་བྱེད།  མངོན་རྟོགས་བསྡུས་པ་གསེར་གྱི་ཐིགས་པ།   ལག་ལེན་མཐོང་བ་དོན་གསལ།  བྲོ་བརྡུང་སྣང་སྲིད་ཟིལ་གནོན།   བྲོ་བརྡུང་བསྡུས་པ་སྲིད་གསུམ་ཟིལ་གནོན།  གཤེད་འདུལ་དྲག་པོ་ཁོལ་ཕྱུང།   བསད་པ་སྤུ་གྲི་རེག་ཆོད།   གནས་ཆོག་འཁོར་བ་དོང་སྤྲུག རིགས་དྲུག་སོ་སོའི་གནས་ཆོག   དབང་ཁྲིད་ཡེ་ཤེས་རང་ཤར།  ཞང་ཞུང་སྙན་བརྒྱུད་ཀྱི་ཡེ་དབང་ཆེན་མོའི་དབང་ཁྲིད།  བདེ་གཤེགས་ཀུན་རིག་སྒྲོན་མའི་དབང་ཁྲིད།  མཉམ་མེད་གྲུབ་དབང་འཇའ་ལུས་ཡབ་སྲས་བླ་སྒྲུབ།   ཡང་གསང་བླ་སྒྲུབ་ཚོགས་བསྡུས།  བླ་སྒྲུབ་ཐུགས་རྗེའི་རྒྱུན་སྐྱོང་།  ཤར་རྫ་བཀྲ་ཤིས་རྒྱལ་མཚན་དཔལ་་བཟང་པོའི་རྟོགས་བརྗོད།༼པོད་བཅུ་བདུན་གྱི་ལེའུ་ཁྱོན་བསྡོམས་གྲངས། ༢༣༤༽

དཔེ་སྒྲིག་གསལ་བཤད།

དེ་ཡང་སྐྱབས་རྗེ་སྨན་སློབ་སྨྲ་དབང་བསྟན་རྣམ་རིན་པོ་ཆེའི་ཞལ་ལས།ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་དམ་མཐིལ། །རང་འབྱུང་རང་རིག་ཀ་དག་ལྷུན་གྱིས་གྲུབ།།མཐའ་བཞི་རྒྱ་གྲོལ་སྨྲ་བསམ་བརྗོད་འདས་བོན།།མངོན་གྱུར་མིའི་གཟུགས་སངས་རྒྱས་ལ་ཕྱག་འཚལ།།གསལ་སྟོང་དབྱེར་མེད་བློ་ལས་འདས་པའི་གཞི། །རྣ་བར་སོན་ཙམ་རྟོག་གེའི་ཡིད་འཁྲུགས་བྱེད།།གསལ་བ་སྟོང་དང་སྟོང་པ་གསལ་བའི་ཚུལ། །ཇི་བཞིན་གཟིགས་པ་འདི་ལས་ངོ་མཚར་གང༌། །དེ་ལྟར་ཡེ་གཞི་མངོན་གྱུར་མཐར་ཕྱིན་ཚེ། །སྒྲིབ་ཚོགས་ཆགས་པའི་གཞི་བྲལ་འོད་དུ་ཟད།།ཟད་པ་མཐར་ཕྱིན་ཀུན་བཟང་ངང་དུ་བཞུགས། །ཚུལ་འདིས་ཁྱེད་ལ་བསྟོད་ཀྱི་གཞན་དུ་ཅི།།ཞི་བར་གཤེགས་ཀྱང་བརྩེ་བ་མ་དོར་བས། །སྟོང་གཟུགས་བོན་གྱི་འཁོར་ལོས་དབང་བསྒྱུར་ཏེ།།རྩམ་གཟན་ཙམ་མིན་འགྲོ་ལ་ཐར་ལམ་བསྟན། །ཚུལ་འདི་ཡིས་ནི་ཉིད་ལ་བསྟོད་པའི་སྒོ། །སྣང་སྲིད་ཡེ་གཞིའི་རང་བཞིན་ཤར་བ་ལ། །འཁོར་འདས་སྐྱོན་ཡོན་བདེ་སྡུག་མི་བསླུ་བ།།སྟོང་པ་ཆེན་པོའི་ངང་ལས་མི་གཡོ་བཞིན། །སྒྲ་མཐུན་དོན་འཕགས་གཟིགས་འདི་ཡ་མཚན་ཆེ།།ཇི་ལྟར་ཉིད་ཀྱིས་གཟིགས་པའི་འདོད་ཡོན་རྣམས། །གམ་བཅར་དག་གིས་ཆ་ཙམ་མ་མཐོང་ཡང༌།།སྒྲ་ཙམ་ལ་བརྟེན་བརྡ་སྦྱོར་ཚུལ་དག་ནི། །ཇི་བཞིན་མཛད་པ་འདི་ནི་ངོ་མཚར་ཆེ།།ཚིག་སྦྱོར་སྙན་པོས་ངོ་བསྟོད་གཞིར་བཟུང་སྟེ། །རི་མོ་བྲིས་པ་དེ་ཡང་འདི་ན་མིན།།ཡུན་ནས་དོན་གྱི་རྟོགས་པ་ལ་དད་ནས། །སྨྲས་པ་འདི་ཡང་བཅོས་མ་ཡིན་སྙམ་མེད།།རྗེ་བཙུན་མངྒ་ཝེར་ཞི་རིག་པ་རང་ཤར་གྱི་མཚན་དོན་དང་འབྲེལ་བའི་བསྟོད་པ་བྱས་པས་ཀུན་མཁྱེན་བླ་མའི་བྱིན་རླབས་སེམས་ལ་ཐོབ་པར་གྱུར་ཅིག།ཅེས་གསུངས་པའི་བསྟོད་ཡུལ་དམ་པ། མཁས་ཤིང་གྲུབ་པའི་དབང་པོ་ཀུན་མཁྱེན་༧ཤར་རྫ་པ་ཆེན་པོ་མཆོག་ཐོག་མར་བྱ་བྲལ་ཉམ་ཆུང་གི་སྒོ་ནས་མཚན་ལྡན་བླ་མ་དམ་པ་མཉེས་གསུམ་གྱིས་ཚུལ་མཐུན་བསྟེན་ཞིང་ཐོས་བསམ་ཚུལ་བཞིན་གནང་བའི་ཐོག་མའི་ཟིན་ཐོ་རིམ་རྒྱས་བཏང་བའི་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་དེ་ཉིད་རྗེ་ཉིད་ནས་རང་ལ་གསལ་འདེབས་དང་གཞན་ལ་ཕན་ཕྱིར་ཁྲིད་དང་འཆད་པ་གནང་བ་གདུལ་བྱའི་ཁམས་དང་མོས་པར་ཕན་རླབས་ཆེ་བར་བརྟེན།གཏེར་ཆེན་གསང་གླིང་མཆོག་ནས་རྗེ་ཉིད་ཀྱི་བསྟན་དོན་རྒྱ་ཆེར་འབྱུང་བ་མ་འོངས་སྔོན་གཟིགས་ཀྱི་བཀས་བསྐུལ་གནང་དོན།གང་ཉིད་ཀྱི་གསུང་རྣམས་པར་དུ་བརྐོ་དགོས་ཚུལ་བརྗོད།རྗེ་ཉིད་ཆེ་གྲགས་དྲེགས་ཚུལ་གྱི་རྣམ་པ་སོགས་གཏན་མེད་ཡིན་སྟབས།བྱ་བྲལ་སྤྲང་པོའི་ཚུལ་བཟུང་ལ་དེ་འདྲའི་མཐུན་རྐྱེན་རྩོལ་སྒྲུབ་མི་འབྱུང་ཚུལ་དང༌།རྒྱ་ཆེའི་བྱ་བ་དེ་ལྟར་འགྲུབ་པ་དཀའ་ཚུལ་གསུངས་ཀྱང་གཏེར་ཆེན་མཆོག་ནས་ནན་བསྐུལ་གནང་བར་བརྟེན།པར་རྐོ་དབང་ཕྱུག་ཅེས་པ་ཐོག་མའི་པར་རྐོ་མཁན་གང་དེ་རྙེད་ནས་བཟུང་རིམ་པས་རྗེ་ཉིད་ཀྱི་གསུང་འབུམ་ཤིང་པར་དུ་བརྐོས་པ་སྤྱི་ལོ་༡༩༥༩ལོའི་ཡར་སྔོན་དུ་ཤར་རྫ་རི་ཁྲོད་དུ་བཞུགས་པ་དང༌།དེ་ཡི་པར་མའང་སྟོད་སྨད་གང་སར་ཁྱབ་པར་གྱུར་རོ། །
 
ཕྱིས་སུ་གངས་ཅན་སྤྱི་ཡོངས་ལ་རིག་གསར་གྱི་ཉམས་རྒུད་འོག་སྔ་དཔེ་དང་པར་ཤིང་སོགས་གཏོར་སྐྱོན་བྱུང་ཤུལ་ལས་ཁྲ་རྒན་དགོན་པའི་འབངས་སྡེའི་ནང་དུ་པར་མ་ཉར་ཚགས་ཐུབ་ཡོད་རིགས་རྣམས་ཁྲ་དགོན་མཁན་པོ་སྐལ་བཟང་གཡུང་དྲུང་རིན་པོ་ཆེའི་ཕྱག་ཏུ་དཔེ་བདག་རྣམས་ཀྱི་དད་སྟོབས་ཀྱིས་ཕུལ་འབྱོར་བྱུང་བར་བརྟེན།མཁན་རིན་པོ་ཆེ་གང་ཉིད་ནས་སྐབས་དེ་དུས་ཀྱི་པར་སྐྲུན་སྤུས་ལེགས་གནང་འཆར་གཙོ་གཉེར་གནང་བ་དང་འབྲེལ།ཨ་གཡུང་གཤེན་བསྟན་མཐའ་རྒྱས་རིན་པོ་ཆེ་དང༌།རྩེ་དྲུག་བླ་མ་གར་དབང་རྣམ་རྒྱལ་རིན་པོ་ཆེ།བཻ་རོ་བློ་བཀྲ་སོགས་ཀྱིས་ཐུགས་ཁུར་ཆེན་པོས་གོང་རིམ་ལ་ཆོག་མཆན་ཞུས་པ་དོན་བཞིན་ཐོབ་པ་དང༌།རྩེ་བླ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་དང༌།གྲྭ་སའི་རྒན་ལགས་བློ་གྲོས་ཉི་མ་རྣམ་གཉིས་ནས་བསྒྲིགས་ཞུས་གནང་བ་དང༌།ལྷག་བསམ་དད་ལྡན་གེ་འགེངས་སྐལ་བཟང་རྣམ་རྒྱལ་དང་རྣམ་རྒྱལ་བཀྲ་ཤིས་གཉིས་གཙོས་པས་གལ་ཆེའི་མཐུན་སྦྱོར་གནང་བ་བཅས་ཐུན་མོང་མཉམ་འབྲེལ་གྱི་སྒོ་ནས་སྤྱི་ལོ་༡༩༨༨ལོར་ཆབ་མདོ་དཔར་འདེབས་བཟོ་གྲྭ་རུ་ཤར་རྫ་པའི་གསུང་འབུམ་པོད་བཅུ་གསུམ་དང་ཐེག་འགྲེལ་རྣམ་ཐར་སོགས་བསྡོམས་པས་པོད་གྲངས་མདའ་ཚད་མ་བཅུ་དྲུག་ལྕགས་པར་བསྒྲིགས་ཏེ་ཚར་གྲངས་༡༠༠༠པར་སྐྲུན་བྱས་སོ། །
 
གོང་གསལ་གནས་ཚུལ་དང་འབྲེལ་ད་སྐབས་གསུང་འབུམ་འདི་ཀོ་དེང་རབས་དེབ་གཟུགས་སུ་དཔེ་སྐྲུན་བྱེད་སྐོར་ཅུང་ཟད་ཞུ་ན།སྨྲ་དབང་ཡོངས་འཛིན་བསྟན་རྣམ་རིན་པོ་ཆེའི་བཞེད་པ་སྔ་དར་བཀའ་བརྟེན་དང་ཕྱི་དར་གསུང་འབུམ་ཞེས་ཕྱོགས་གཉིས་དབྱེ་འབྱེད་གནང་བའི་དགོངས་དོན་ལྟར།སྤྱི་ལོ་༢༠༠༦ལོར་ཁྱུང་པོ་སྟེང་ཆེན་དགོན་ནས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པ་པོད་གྲངས་༡༡༠ཅན་དཔེ་སྐྲུན་གྲུབ་རྗེས།ཕྱི་དར་གསུང་འབུམ་སྐོར་སྟོད་སྨད་གང་སར་བླ་སྤྲུལ་དགེ་བཤེས་གང་ཞིག་གིས་གཙོ་སྐྱོངས་ཀྱིས་མཁས་གྲུབ་སོ་སོའི་གསུང་འབུམ་རྣམས་གང་ཐུབ་ཀྱིས་རིམ་བཞིན་སྒྲིག་སྐྲུན་བྱེད་རྒྱུ་དགོས་གལ་ཆེ་ཚུལ་ཁྱུང་པོ་སྟེང་ཆེན་དགོན་གྱི་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་འབོད་བསྐུལ་ཁ་གསལ་ཅན་ཞིག་སྤྱི་ལོ་༢༠༠༩ལོར་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་གནད་བསྡུས་གསལ་སྟོན་མེ་ལོང་ཞེས་པའི་ནང་ཞུས་པ་ལྟར།ཕྱི་དར་གསུང་འབུམ་སྐོར་ལས་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་འདི་ཀོ་ཐོག་མར་དཔེ་སྐྲུན་བྱེད་རྒྱུའི་དབུ་བཟུང་བ་ཡིན།དེ་ལྟར་བྱེད་པའི་དགོས་པ་ནི། སྤྱི་ལོ་༢༠༡༠ཡར་སྔོན་དུ་ཤར་རྫ་པའི་གསུང་འབུམ་གང་སར་ཁྱབ་སྤེལ་བྱས་རིགས་གཙོ་ཆེར་སྔ་མའི་ཆབ་མདོའི་ལྕགས་པར་ཅན་དེ་བསྐྱར་པར་ཡང་པར་བྱས་པ་ལས་གཞན་མེད་ལ།ཆབ་མདོའི་པར་མ་དེའི་པར་གཞི་ཡང་སྐབས་དེའི་ཆ་རྐྱེན་གྱི་དབང་གིས་མི་འདང་བའི་ཞན་ཆ་ཡོད་པ་དཔེར་ན།མ་དཔེ་གཅིག་ལས་གཞན་པའི་བསྡུར་ཡ་མ་རྙེད་པ་དང་དགོས་ངེས་དཔེ་ཆ་མ་འབྱོར་བ།ཞུས་བསྒྲིགས་ལས་སྣེ་མི་སྣ་ཉུང་བ།འཕྲུལ་འཁོར་སོགས་པར་ཆས་ཀྱི་མཐུན་རྐྱེན་ཞན་པ་སོགས་སོ།།དེས་ན་ཚུལ་དེ་ལས་ཐོན་པའི་གསུང་འབུམ་འདི་ཀོའང་དེང་གི་ཆར་དགེ་འདོན་སྐྱོན་སེལ་གྱི་ཞབས་ཞུ་རེ་སྒྲུབ་དགོས་རྒྱུ་ནི་རང་ཅག་གི་བཤོལ་དུ་མེད་པའི་འགན་དུ་གྲུབ་གཤིས།གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གཙོ་གཉེར་བ་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་པོ་༧འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་གཙོས་པའི་ལས་དོན་ལག་བསྟར་པ་རྣམས་ཀྱིས་ཧུར་ཐག་སྒོས་སྔ་མའི་ཤིང་པར་གཞིར་བཟུང་ཐོག་ཆབ་མདོའི་ལྕགས་པར་མ་དང་འདྲ་བསྡུར་བྱས།མ་དཔེ་འདྲ་ཡ་མ་རྙེད་པ་རྣམས་དེ་རང་ཞུས་བསྒྲིགས་བྱས་ཏེ་སྔོན་གྱི་ལྕགས་པར་མའི་ཆད་འཁྲུགས་སོགས་ཅི་ནུས་ཀྱིས་ཁ་སྐོང་དང་དག་བཅོས་བཏང་སྟེ།དེང་རབས་དེབ་གཟུགས་སུ་པོད་གྲངས་བཅུ་བདུན་གྱི་བདག་ཉིད་ཅན་དུ་སྐྲུན་པའོ། །

བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས།

སྤྱི་ལོ་༢༠༡༣ལོའི་ཟླ་༡༡ཚེས་༡༡ཉིན།